ཐའེ་ཝན་དུ་བོད་ཀྱི་པིར་ཡིག་བརྩམས་ཆོས་འགྲེམ་སྟོན།

དེ་ཡང་སྤྱི་ལོ་༢༠༡༨ཟླ་༡༢ ཚེས་༡༢ ནས་༢༤ བར་དུ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། ཐའེ་ཝན་ནང་བསྟན་སྒྱུ་རྩལ་འགྲེམ་སྟོན་ཞེས་པའི་འགྲེམ་སྟོན་མཛད་སྒོ་ཞིག་ཚུགས་བཞིན་པ་དང་། མཛད་སྒོ་དེ་ནི་ཐའེ་ཝན་གྱི་ནང་ཆོས་དང་འབྲེལ་བའི་སྒྱུ་རྩལ་གྱི་བརྩམས་ཆོས་སྣ་ཚོགས་ཡོད་པའི་ན་གཞོན་སྒྱུ་རྩལ་བ་མང་པོ་ཞིག་མཉམ་ཞུགས་ཀྱིས་སྒྱུ་རྩལ་བརྩམས་ཆོས་ཁག་འགྲེམ་སྟོན་བྱ་ཡུལ་གྱི་སྡིངས་ཆ་ཞིག་ཡིན་འདུག
འགྲེམ་སྟོན་དེར་ཐའེ་ཝན་དུ་གནས་བཞུགས་མཁན་འབའ་རོམ་བཀའ་བརྒྱུད་ཀྱི་བླ་མ་ཚང་སར་ཀུན་དགའ་རིན་པོ་ཆེ་ཡང་མཉམ་ཞུགས་གནང་ཡོད་པ་དང་། ཁོང་གིས་ལོ་འདི་གར་བརྩམས་པའི་པིར་ཡིག་བརྩམས་ཆོས་མང་པོ་ཡོད་པའི་ནང་ནས་བོད་ཡིག་པིར་བྲིས་བརྩམས་ཆོས་ཁག་མི་འདྲ་བ་གསུམ་ཙམ་ཚོགས་པ་དེར་འགྲེམ་སྟོན་གནང་ཡོད་འདུག ། རིན་པོ་ཆེའི་བརྩམས་ཆོས་ཀྱི་ནང་དོན་དང་བོད་ཡིག་གི་གཟུགས་དང་རྣམ་པའི་ཐོག་ནས་མཛེས་པ་ལ་ལྟད་མོ་བ་དག་གིས་དགའ་མོས་དང་གདེང་འཇོག་ཆེན་པོ་ཐོབ་ཡོད་འདུག་ལ། རི་མོ་དང་སྒྱུ་རྩལ་སོགས་དང་འབྲེལ་བའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་གཞན་ལ་ངོ་སྤྲོད་བྱེད་པ་འདི་ནི་ཁོང་གིས་ཆེས་གལ་ཆེན་དུ་འཛིན་བཞིན་ཡོད།
མ་ཟད་པར་བོད་ཀྱི་པིར་ཡིག་བརྩམས་ཆོས་ངོས་ནས་ནང་ཆོས་ངོ་སྤྲོད་བྱེད་སྟངས་འདི་ནི་ཐའེ་ཝན་གྱི་འགྲེམས་སྟོན་དུ་མཉམ་ཞུགས་གནང་བ་ཐོག་མ་དེ་ཁོང་ཆགས་ཡོད་པ་དང་། དམིགས་བསལ་ཚང་སར་ཀུན་དགའ་རིན་པོ་ཆེ་ཁོང་ལ་རི་མོའི་ལམ་ནས་རང་གི་ཆོས་དང་རིག་གཞུང་སྤྱི་ཚོགས་ལ་ངོ་སྤྲོད་གནང་སྟངས་ཐད་ནས་ཆ་རྒྱུས་དང་ལངས་ཕྱོགས་ཚད་ངེས་ཅན་ཞིག་ཡོད་པ་རེད།
འགྲེམས་སྟོན་འདི་ནི་ཧུའི་ཅུའུ་ཞེས་པའི་ཚོགས་པ་ཞིག་གིས་གཙོ་སྒྲུབ་བྱས་པའི་ཐའེ་ཝན་གྱི་ནང་བསྟན་དར་སྤེལ་ཁྲོད་མཛད་རྗེས་ཆེ་བའི་དགེ་བསྙེན་ཀྲའོ་ཞུན་ཏི་周宣德འཁྲུངས་ནས་ལོ་བརྒྱ་དང་ཉི་ཤུ་འཁོར་བའི་དུས་དྲན་དུ་སྤེལ་བའི་འགྲེམས་སྟོན་གྱི་ལས་འགུལ་ཞིག་རེད་འདུག་གོ།


(Visited 111 times, 1 visits today)