ཚངས་གསར་ཞེས་པའི་མིང་དོན་བྱུང་ཚུལ།

ཐོག་མར་ཚངས་གསར་ཞེས་པ་ནི། སྟེང་ཚངས་པ་ལྷའི་འཕྲུལ་ཐིག་བར་སྒ་རྗེས་གདུང་ལས་གྲོལ་བ་གསང་བ་ལུས་མེད་རྡོ་རྗེ་རབ་བྱུང་བཞི་པའི་མེ་ཕག སྤྱི་ལོ་༡༢༢༧ལ་སྐུ་འཁྲུངས་ཤིང་དགུང་ལོ་སོ་དགུ་རབ་བྱུང་བཞི་པའི་ཤིང་གླང་སྤྱི་ལོ་༡༢༦༥ལ་ས་སྐྱ་ཆོས་རྒྱལ་འཕགས་པས་ཕོ་བྲང་ནང་སོ་ཆེ་མོའི་གསེར་ཁྲིར་བསྐོས་བཞག་མཛད། དགུང་ལོ་ཉེར་བརྒྱད་རིང་སྐུ་འབུམ་དགོན་གནས་དྲུག་ཁྲི་བསྐོར་བཅུ་གཉིས་ཀྱི་ཆོས་སྲིད་ཟུང་འབྲེལ་དུ་བསྐྱངས། དམ་པ་དེ་ཉིད་ཀྱི་དབོན་བྱང་ཆུབ་གཞོན་ནུ་རབ་བྱུང་བཞི་པའི་ཤིང་སྟག་སྤྱི་ལོ་༡༢༥༤ལ་སྐུ་འཁྲུངས་དགུང་ལོ་བཞི་བཅུ་རབ་བྱུང་ལྔ་པའི་ཆུ་སྦྲུལ་སྤྱི་ལོ་༡༢༩༣ལ་ཕོ་བྲང་ནང་སོ་ཆེན་མོའི་ཁྲིར་བཀོད། དགུང་ལོ་ཞེ་དགུ་རབ་བྱུང་ལྔ་པའི་ཆུ་སྟག་སྤྱི་ལོ་༡༣༠༢ལོར་ཚང་མང་གསར་པ་ལོགས་བཞེངས་ཏེ་ཚངས་གསར་ཞེས་པའི་མཚན་དོན་དེ་ནས་ཐོག དེ་ཕྱིན་སྒོམ་སྡེ་ནང་ཡ་གཉིས་སུ་བྱུང་ངོ་།


༄༅།། ཚངས་གསར་བྱམས་པ་འཆི་མེད་རིན་པོ་ཆེའི་རྣམ་ཐར་དད་པའི་ས་བོན་སྙིང་བསྡུས་བཞུགས་སོ།།

ཚང་སར་ལྷ་རྒན་བྱམས་པ་འཆི་མེད་རིན་པོ་ཆེ་ནི་བོད་རབ་བྱུང་༡༦པའི་ལྕགས་སྟག་ལོ་སྟེ་སྤྱི་ལོ་༡༩༥༠ལོར་མདོ་སྟོད་ནང་ཆེན་རྒྱལ་པོའི་ཆབ་འབངས། སྡོམ་པ་ཨ་འབུམ་རྒྱུད་སྡོམ་ཟེ་མདའ་ཟེར་པའི་ས་ཆར་ཡབ་གསང་བ་ལུས་མེད་རྡོ་རྗེས་གདུང་རབས་བཅུ་གསུམ་པ་ཚང་སར་བསྟན་གྲགས་སྤྲུལ་སྐུ་ལུང་རིག་སྨྲ་བའི་ཉི་མའམ་གཏེར་སྟོན་ཀུན་བཟང་ཡོང་གྲུབ་རྡོ་རྗེ་འགྱུར་མེད་ཡེ་ཤེས་རྩལ་དང་། ཡུམ་འཚོ་མཛད་སྨན་གྱི་བརྒྱུད་ལྡན་ཞིང་སྐྱེས་ཀྱི་མཁའ་འགྲོ་མའི་སྤྲུལ་པར་གྲགས་པ་ག་གཟའ་ཨུ་རྡེའུ་གཉིས་ཀྱིས་སྲས་སུ་སྐུ་བལྟམས།  ཆུང་དུས་ནས་རྣམ་རིག་བཀྲ་ཞིང་དམ་པའི་ངང་ཚུལ་གྱི་ཡོན་ཏན་ཕྱུག་པ། རང་བཞིན་དུ་འགྲོ་བ་ཆེ་ཆུང་ལ་མ་ལྟོས་པར་ཐམས་ཅད་ལ་བྱམས་བརྩེའི་ཤེས་རབ་ཀྱིས་གཟིགས་པའི་སྐྱེས་བུ་ཞིག་ཏུ་ཡོངས་སུ་གྲགས། དེ་ནས་དུས་ཀྱི་འཕོ་འགྱུར་བློ་བུར་དུ་ཕྱིན་ཏེ་རིག་གནས་གསར་བརྗེའི་ཡོ་ལངས་འཁྲུགས་ཏེ་ཤེས་བྱ་རིག་གནས་སྦྱོང་བའི་གོ་སྐབས་ཆེར་མ་ཤར།

ཡིན་ན་ཡང་ཞང་པོ་ཏེས་ཚའི་ཚ་བོའི་མདུན་ནས་ཡི་གེ་སྦྱོར་ཀློག་སོགས་ལ་བསླབ། དེ་ནས་དགུང་གྲངས་བཅུ་བཞི་ནས་ཚང་སར་བླ་མ་འཇམ་དབྱངས་བློ་གྲོས་རིན་ཆེན་མཆོག་ལ་མཉེས་པ་གསུམ་གྱིས་སྒོ་ནས་རྩ་བའི་བླ་མར་བསྟེན་ཏེ་མདོ་སྔགས་རིག་གཞུང་སྤྱི་དང་ཁྱད་པར་དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་གདམ་ཟབ་རྣམས་བུམ་པ་གང་བྱོའི་ཚུལ་དུ་ཞུས། གཞན་ཡང་སྨན་གཞུང་དང་སུམ་རྟགས་དག་གསུམ་སྙན་ངག་སོགས་ཐུན་མོང་རིག་གནས་རྣམས་སྦྱང་བརྩོན་ཕུལ་དུ་ཕྱིན་པ་གནང་། ད་དུང་མཁས་དབང་རྟ་རྡོ་ཀུན་དགའ་དབང་ཕྱུག་མདུན་ནས་རྩིས་དཀར་ནག  གཡང་འཆར་སོགས་དང་ཕྱི་ལུགས་སྨན་པ་ཁྱད་མཁས་པ་བུང་དགེའི་མདུན་ནས་ཕྱི་ལུགས་སྨན་གཞུང་དང་བཤའ་བཅོས་སོགས་མདོར་ན་མདོ་སྟོད་སྨད་དུ་ཕེབས་ཏེ་མཁས་པ་དང་གྲུབ་པའི་བདག་ཉིད་ཉམས་མྱོང་ཅན་མང་པོའི་མདུན་ནས་གཞུང་དང་མན་ངག་ལག་ལེན་བཅས་ལ་སྦྱང་པ་མཐར་ཕྱིན་པ་མཛད།  དེ་ནས་དམ་པ་ཁོང་གིས་ནང་ཆོས་དང་སྨན་གཞུང་གང་དག་ཐོས་དོན་རྣམས་ཉམས་སུ་བླངས་པ་དང་ལག་ལེན་དངོས་ལ་ཕྱག་ལྟར་ཙམ་དུ་མ་བཞག་པར།

ནང་ཆེན་རྫོང་ཐོག་གི་འབྲེལ་ཡོད་སྨན་པ་གང་མང་རྣམས་དང་རྒྱལ་ཕྱི་ནང་གི་སྨན་པའི་མཁས་དབང་ལྷན་དུ་སྨན་གཞུང་རིག་པའི་ཐད་དང་། གཞི་རྩའི་ནད་ཀྱི་ངོས་འཛིན། ལག་ལེན་མྱོང་བའི་ཕྱོགས་ནས་གསུང་གླེང་བགྱིས་པ་རྣམས་ལ་མཁས་དབང་མང་པོ་ཐུགས་ཡིད་དགྱིས་པའི་ལས་སུ་མཆིས་པ་རེད།  མ་ཚད་པར་

རྩ་བའི་བླ་མའི་བཀའ་ལྟར། བྱམས་བརྩེའི་ཤེས་རབ་འོད་ཀྱིས་ཕ་ཡུལ་འབྲོག་སྡེའི་ཕྱོགས་དང་རང་རྫོང་གཡས་གཡོན་རྫོང་སོ་སོ་རུ་གསོ་བ་རིག་པའི་གཞུང་ལ་སྦྱང་བརྩོན་ཡོད་པའི་ན་གཞོན་སློབ་མ་གང་མང་ཞིག་གསོ་སྐྱོང་གནང་ཡོད་འདུག དམ་པ་ཁོང་ནི་གཤིས་རྒྱུད་དྲང་ཞིང་མི་གཞི་ལྷིང་པོ་ཡིན་སྟབས་རྒྱུན་དུ་ཕྱག་ལས་གང་གནང་བ་ཐམས་ཅད་མི་ངོར་མི་བསྐུལ་བར་དྲང་བདེན་གྱི་ལས་སུ་བདེན་པ་གནང་མཁན་ཞིག་རེད།  རྒྱུན་པར་ནད་པ་བདག་མེད་དང་འགྲོ་བ་རྒྱུ་མེད་རྣམས་ལ་སྨན་རིན་མི་ལེན་ཞིང་སྦྱིན་པའི་ཕར་ཕྱིན་གྱི་ལས་སུ་བརྩོན་གང་ཐུབ་གནང་བར་དགྱིས།   ད་དུང་ནད་པའི་ནད་ལ་གཟིགས་པ་ལས་མིའི་དྲག་ཞན་གྱི་ངོ་གདོང་ལ་ཤོར་ནས་སྤྲེལ་ལད་ཁྲབ་མཁན་གྱི་རིགས་ལ་ཐུགས་དགྱིས་པའི་ཚུལ་གཏན་ནས་མེད་པ་རེད། དུས་གཞི་དྲོ་གྲང་གང་གི་སྐབས་སུ་ཡིན་ན་འང་ཆོས་སྡེ་ཡར་མར་གྱི་སྒྲུབ་ཁང་ཁག་དང་བཤད་གྲྭ་ཁག་ཏུ་ཆེད་ཕེབས་མཛད་དེ་ནད་གཟིགས་དང་སྨན་སྦྱིན་གྱི་ཕྱག་ལས་མི་ཉུང་བ་གནང་མཛད་པ་རེད།

གང་ལྟར་ཁོང་གི་སྐུ་ཚེའི་མཐའ་མ་རྫོགས་བར་དུ་བསྟན་དང་འགྲོ་བའི་དོན་དུ་ཉིན་མཚན་བར་མེད་དུ་ཕྱག་ལས་གནང་བ་ལྟར་ཕེབས་ཤུལ་དུ་གསོ་བ་རིག་པའི་ཤུལ་བཞག་རླབས་ཆེན་གྱི་འགྲོ་དོན་རྒྱ་ཆེར་གནང་ཏེ་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའོ་བོད་ཟླ་གསུམ་པའི་ཚེས་བཅུ། སྤྱི་ལོ་༢༠༡༥ལོའི་ཟླ་༤པའི་ཚེས་༢༨ཉིན་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས་སོ།།

མཛད་རྗེས་ལ་སྨན་གྱི་ཉམས་མྱོང་དང་ལག་ལེན་གྱི་སྐོར་ལ་ཤོག་དྲིལ་འགའ་ཤས། གསར་བཟོ་གནང་བའི་ནུས་པ་ཕུལ་བྱུང་གི་སྨན་སྦྱོར་འགའ། ཚང་སར་བྲབ་བྲིས་ཞེས་སྔོན་མེད་གསར་གཏོད་ཀྱིས་བྲིས་གཟུགས་སོགས་ཡོད།  སློབ་མ་ནི། ནང་ཆེན། རྫ་སྟོད། སྐྱེ་རྒུ་ཆབ་མདོ། སྡེ་དགེ དཀར་མཛེས་སོགས་མདོ་སྟོད་སྨད་གང་སར་འགྲོ་དོན་སྐྱོང་བཞིན་པ་དང་ཁྱད་པར་དུ་རིགས་སྲས་མེ་ཏོག་གིས་ཕ་ཤུལ་བུས་འཛིན་ཟེར་བ་ལྟར་རྒྱུད་དང་ལག་ལེན་མན་ངག་ཉམས་མྱོང་སོགས་གང་ཐད་ནས་མ་ཉམས་གོང་འཕེལ་གནང་བཞིན་ཡོད་པ་ལགས་སོ།། ཅེས་ཚང་སར་མེ་ཏོག་ནས་ཕྱི་༢༠༡༩ཟླ༡པོའི་ཚེས་པ་༢༩ཉིན་གུས་པས་ཕུལ། རེ་ཞིག་ཡིག་འབྲུ་མང་བར་དོགས་ཏེ་དེས་ཆོག་པར་བྱས་ཡོད་དོ།།


 

གསང་བ་ལུས་མེད་རྡོ་རྗེ།

རབ་བྱུང་བཞི་པ་མེ་མོ་ཕག་ ༡༢༢༧ ལོར་རྒྱམ་རྒྱལ་དྷོ་ཐིའི་གངས་རྒྱུད་མཚོ་རྐེ་མདོའི་ཀྱེ་ལ་ཐང་ཁར་སྐུ་བལྟམས། རས་པ་དཀར་པོའི་མདུན་དུ་རབ་ཏུ་བྱུང་། དབུས་སུ་ཕེབས་ཏེ་རྔོག་གཟི་བརྗིད་གྲགས་པ་སོགས་བླ་མ་མངས་དུ་བརྟེན། སྐུ་ལུས་ལ་གྲིབ་མ་མི་སྣང་བས་ལུས་མེད་རྡོ་རྗེ་ཞེས་མཚན་གསོལ། དགུང་ལོ་སོ་དགུ་རབ་བྱུང་བཞི་པའི་ཤིང་གླང་སྤྱི་ལོ་ ༡༢༦༥ ལོར་ས་སྐྱ་ཆོས་རྒྱལ་འཕགས་པས་ཕོ་བྲང་ནང་སོ་ཆེ་མོའི་གསེར་ཁྲིར་བསྐོས་བཞག་མཛད། དགུང་ལོ་ཉེར་བརྒྱད་རིང་སྐུ་འབུམ་དགོན་གནས་དྲུག་ཁྲི་བསྐོར་བཅུ་གཉིས་ཀྱི་ཆོས་སྲིད་ཟུང་འབྲེལ་དུ་བསྐྱངས། དགུང་ལོ་དྲུག་ཅུ་རྩ་དྲུག་བཞེས་པ་ཆུ་ཕོ་འབྲུག་གི་ལོ་རོག་ཉ་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་ཕྱེད་ལ་མྱ་ངན་ལས་འདས་པའི་ཚུལ་བསྟན་། ཕྱག་ཆེན་གནད་ཆོས་བཅུ་གསུམ་གྱི་ཁྲིད་དང་རྡོ་རྗེས་མགུར་སོགས་མང་དུ་མཛད། སློབ་མའི་ཚོགས་མང་དུ་བྱོན་ཀྱང་བཀའ་བབ་ཀྱི་སློབ་མ་བཞི་ནི། རིགས་དབོན་བྱང་ཆུབ་གཞོན་ནུ་ལ་རྒྱུན་འཛིན་གྱི་བཀའ་བབ། མཁས་པ་བྱང་ཆུབ་མགོན་པོ་ལ་རྟེན་འབྲེལ་གྱི་བཀའ་བབ།ལྷ་ཚངས་པ་ཚུལ་ཁྲིམས་སེང་གེ་ལ་དབང་དང་རབ་གནས་ཀྱི་བཀའ་བབ། དངུལ་རྫོང་བ་ཤཱཀྱ་རྡོ་རྗེ་ལ་ཕྱག་ཆེན་གྱི་བཀའ་བབ་པའོ།།

 རིགས་དབོན་བྱང་ཆུབ་གཞོན་ནུ་ནི།

རབ་བྱུང་བཞི་པའི་ཤིང་སྟག་༡༢༥༤ལ་ཡུལ་ཀྱེ་ལ་ཁར་སྐུ་འཁྲུངས། ལུས་མེད་རྡོ་རྗེའི་མདུན་དུ་རབ་ཏུ་བྱུང་། འབའ་རོམ་ནས་བརྒྱུད་པའི་ཆོས་ཡོད་དགུ་ཅོག་རྣམས་ལ་གསན་བཞེས་རྒྱ་ཆེར་མཛད། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག།བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་གྲོལ་ལམ་ཕྱག་རྒྱ་ཆེན་པོ་ལ་ཉམས་ལེན་རྩེ་གཅིག་ཏུ་མཛད་པས་ཉམས་རྟོགས་ཡོན་ཏན་མཐའ་ཡས་མངའ། གནས་དྲུག་ལྷ་མི་ཡོངས་ཀྱིས་ཕོ་བྲང་ནང་སོ་ཆེན་མོའི་གཙུག་རྒྱན་དུ་མངའ་གསོལ། འགྲོ་དོན་བསམ་མི་ཁྱབ་པར་མཛད། ཕོ་བྲང་ནང་སོ་ཆེན་མོ་ལས་ལོགས་སུ་ཚངས་མང་གསར་པའི་གཟིམ་ཁང་མཛད། དེ་ཕྱིན་ཆད་ནས་མིང་ཚངས་གསར་པར་གྲགས། ཁོང་གི་མཆེད་ཀྱེ་ལ་སངས་རྒྱས་དཔལ་གྱི་སྲས་རྒྱུད་རྣམས་ལས་རིམས་པར་ཚངས་གསར་བའི་བླ་རྒྱུད་དང་རྒྱལ་རྒྱུད་འཛིན་པ་རྣམས་བྱུང་། མཐར་དགུང་ལོ་བདུན་ཅུ་ཆུ་ཕག་ས་ཟླའི་ཚེས་བཞི་ལ་གཤེགས། སློབ་ཚོགས་མང་དུ་མཆིས་པ་ལས་གཙོ་ཆེ་བ་རིགས་དབོན་གྲགས་བྱང་བ་དང་གྲགས་ཚུལ་བ་གཉིས་སྟོང་ནག་རས་པ་བློ་གྲོས་རྡོ་རྗེ་སོགས་བྱོན་པའོ

(Visited 75 times, 1 visits today)