བྱིས་པའི་བརྟགས་བཅོས་སྐོར་གྱི་བསམ་ཚུལ་བརྗོད་པ།།

སྤྱིར་ན་བྱིས་པའི་ནད་ངོས་འཛིན་རྒྱུ་དང་གསོ་བཅོས་བྱེད་རྒྱ་ནི་ཆེས་དཀའ་ཚེགས་ཅན་དང་རྙོགས་འཛིང་ཅན་ཞིག་ཡིན། རྒྱུ་མཚན་ནི་རང་རེ་བོད་ཀྱི་ནད་རྟགས་སྨན་བཅོས་ནི་ལྟ་རིག་དྲི་བ་གསུམ་ལས་མི་མདའ་བས། དང་པོ་སློང་བའི་སྐྱེན། བར་དུ་ན་བའི་གནས། ཐ་མ་ན་བའི་ཚུལ།རྒྱུན་དུ་ཕན་གནོད་ཟས་སྤྱོད་གོམ་པ་སོགས་རེ་རེ་ནས་མ་ཤེས་ཐབས་མེད་པ་ཞིག་ཡིན་པས་བྱིས་པ་ཚོས་དེ་ཇི་བཞིན་བརྗོད་མི་ཤེས་པས།དེས་ན་ནད་བཅོས་སྨན་དཔྱད་ལ་དཀའ་ཚིགས་ཤིན་ཏུ་ཆེ། དེ་བས་སྐྱེས་མར་མངལ་སྦྲུམ་པ་ནས་བཟུང་བདེ་སྲུང་དང་།དེ་ནས་མངལ་ཚང་སྟེ་བཙའ་བ་ནས་བཟུང་སྐྱེ་འཕེལ་འཚར་ལོངས་བཅས་ཀྱི་བརྒྱུད་རིམ་སྔ་ཕྱི་ཚང་མར་ནད་རིགས་སྔོན་འགོག་དང་། སེམས་ཁམས་སྲུང་སྐྱོབ་བཅས་ལ་འབད་དགོས་པ་དང་།རང་རེ་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་མན་ངག་རྒྱུད་ཀྱི་ནང་དུ་ཡང་བྱིས་པ་གསོ་བའི་ལེའུ་ཞེས་དམིགས་སུ་བཀར་ནས་གསུང་ཡོད་ལ། དེ་ལས། བྱིས་པ་གསོ་བ་ཉེར་སྤྱོད་དེས་ནད་དང་གདོན་གསོ་བ་དང་གསུམ་དུ་ཤེས་པར་བྱ་ཞེས་གསུང་ཡོད་པ་རེད།འོ་ན་བྱིས་པ་ཞེས་པ་ན་ཚོད་ག་ཚད་ལ་ངོས་འཛིན་ཞེ་ན།།སྤྱིར་བཏང་ནི་ལོ་༡༢མ་ལོན་བར་དང་། བྱིས་ནད་ཚན་ཁག་ཏུ་ལོ་༡༥མན་ནི་བྱིས་པ་ཞེས་བཀར་ཡོད།བོད་ཀྱི་སྨན་གཞུང་རྣམ་སུ་ན་ཚོད་དབྱེ་བ་བཅུ་དྲུག་བར་བྱིས་པ་ཞེས་གསུངས་ལ། རྒྱུ་མཚན་ནི་དེའི་བར་ཟུངས་སྟོབས་གཟི་མདངས་བསམ་བློ་སོགས་ཡོངས་སུ་རྫོགས་པའམ་རྒྱས་ཐུབ་མེད་པས་སོ། ལུས་སེམས་མ་སྨིན་ན་ཕྲ་མོ་ཞེས་པ་ལྟར་དང་།ཅི་ཡང་མི་ཤེས་པའི་བྱིས་པ་ཞེས་གསུངས་ཡོད་པ་རེད།
ཨ་རི་རྒྱལ་ཁབ་ནས་སྤྱི་ལོ་༡༨༦༠ནས་བྱིས་པའི་གསོ་བཅོས་བྱེད་སའི་སྒོ་བསྟེན་ཁང་ཐོག་མ་གསར་བཙུགས་མཛད་པ་དང་།སྤྱི་ལོ་༡༩༠༩ལོར་ཨ་རིས་ཕོ་བྲང་དཀར་པོར་བྱིས་པའི་སྐོར་གྱི་ཚོགས་ཆེན་དང་པོ་དེ་ཚོགས་༡༩༡༢ལོར་བྱིས་པའི་སྐོར་གྱི་་ཆེད་དོན་ལས་ཁུང་བཙུགས་པ་དང་ཆབས་ཅིག་ཁྲིམས་ལུགས་བཟོས་པ་རེད།
ཡིན་ན་ཡང་བོད་ཀྱི་གསོ་བ་རིག་པར་མཚོན་ན་ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་ནས་ནད་རིགས་མང་པོར་འཐབ་རྩོད་བྱས་པ་བརྒྱུད་ཉམས་མྱོང་བསག་ནས་གྲུབ་པའི་རིག་པའི་གཞུང་ལུགས་དང་ལག་ལེན་མཐུས་ཚང་ཚད་ལྡན་ཅན་དུ་གྱུར་ནས་རིམ་པས་ཡར་རྒྱས་ལ་ཕྱིན་པ་དང་།དེ་བཞིན་དུ་བྱིས་པའི་ནད་ངོས་འཛིན་པ་གདོན་ངོས་འཛིན་པ་སོགས་ཕན་ནུས་ཅན་གྱི་གསོ་ཐབས་ཁྱད་པར་བ་མང་པོ་དར་རྒྱས་གོང་འཕེལ་ལ་བཏང་བ་རེད།།འོན་ཀྱང་དེང་དུས་ཚན་རིག་ནི་ཉིན་རེ་བཞིན་ཡར་རྒྱས་དང་གོང་འཕེལ་ལ་འགྲོ་བཞིན་པའི་དབང་གིས་འཕྲལ་བཅོས་ཀྱི་ཕན་ནུས་མྱུར་བས་རང་རེ་བོད་ཀྱི་གསོ་བ་རིག་པ་འདི་ཡང་ཅུང་རྗེས་སུ་ལུས་པ་ལྟ་བུར་སྣང་བའི་ཤུགས་རྐྱེན་ལ་བརྟེན་ནས་བྱིས་པ་གསོ་བའི་གཞུང་ལུགས་དེ་ཉིད་ཀྱང་ཉམས་གུད་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པར་ཐེབས་ནས་ཡིད་ཆེས་ཀྱང་རྒྱང་རིང་དུ་གྱུར་བཞིན་པ།དེ་ནི་བོད་ཀྱི་སྨན་པ་ཚོས་རང་གི་རིག་གཞུང་དེ་ཡར་རྒྱས་གོང་འཕེལ་དང་རང་བདག་ཡག་པོ་མ་ཐུབ་པའི་སྐྱོན་དུ་སོང་བ་མ་ཚད་མཁས་དབང་རྣམས་པས་ཀྱང་དེས་ཐད་ལ་མཐོང་ཆེན་པོ་མ་ཐུབ་པའི་དབང་གིས།ཤུགས་རྐྱེན་དེ་དག་ལ་རྟེན་ནས་སྤྱི་ཚོགས་ཀྱི་མི་རྣམས་ཀྱིས་སྤྱིར་ན་བོད་སྨན་དང་ཡང་དགོས་བྱིས་པའི་སྨན་བཅོས་ལ་་ལོ་རེ་ནས་ལོ་རེར་ཡིད་ཆེས་ཇེ་ཞན་དུ་འགྱུར་བཞིན་པ་མིག་མཐོང་ལག་ཟིན་དུ་མངོན།དེ་བས་བྱིས་པ་གསོ་བ་ནི་ཧ་ཀྱང་གལ་ཆེན་དུ་འཛིན་དགོས་ལ་མ་འོང་པའི་མི་རིགས་འདི་དང་རྒྱལ་ཁབ་ཀྱི་སོན་རྩ་ཡང་བྱིས་པ་ཁོ་ན་ཡིན་པས་སོ།
བོད་ཀྱི་གསོ་བ་རིག་པའི་་གཞུང་ལུགས་ལས་གསུངས་པའི་བྱིས་པའི་བརྟགས་བཅོས་འདི་ལ་གནའ་དེང་ཟུང་འབྲེལ་གྱིས་འཕེལ་རྒྱས་ལ་གཏོང་རྒྱུ་གལ་འགང་ཆེ་ལ་རྗེ་གཡུ་ཐོག་པས་ཀྱང་ངོས་འཛིན་མེད་ན་དེ་ཡི་བཅོས་ཐབས་མེད། དེ་རྟགས་ལྡན་ན་དེ་ཡི་བརྟགས་བྱས་ཏེ། ངོ་བོ་གསལ་ན་བཅོས་ཀ་སོ་སོར་བྱ་ཞེས་པ་ལྟར་དང་།ཁྱད་པར་དུ་བྱིས་པའི་ནད་ལ་སྨན་བཅོས་ཁོ་ན་ཙམ་མ་ཡིན་པར་གདོན་ངོས་འཛིན་པ་དེ་དང་གདོན་བཅོས་བྱེད་རྒྱུ་འདི་ཁྱད་པར་བ་དང་དམིགས་གསལ་ཅན་ཧ་ཅང་གལ་ཆེན་དུ་མཐོང་ཞིང་།མེས་ཞལ་དུ་ནུ་ཞོ་དང་གདོན་ཆེན་བཅོ་ལྔ་སོགས་ཀྱིས་ན་ཡུལ་བྱིས་པའི་ཡན་ལག་ཅེས་གསོ་བྱ་ཡན་ལག་བརྒྱད་ཀྱི་ཡ་གྱལ་བྱིས་པ་ཁོ་ནར་འཚེ་བའི་གདོན་ཆེན་བཅོ་ལྔ་།དེ་ལ་སྨན་དཔྱད་ཁོ་ན་མ་ཡིན་པར་རིམ་འགྲོ་དང་གདོན་བཅོས་དགོས་པར།བཤད་རྒྱུད་ལས་ཀུན་རྟགས་གདོན་ནད་རིམ་གྲོས་གྲོལ་བ་དང་ཞེས་དང་།འདྲེ་ལ་ཡས་བྱིན་ནད་ལ་སྨན་གྱིས་བཅོས་དང་།ཡང་ཕྱི་རྒྱུད་ལས་བརྒྱ་དང་རྩ་གཅིག་ཀུན་རྟགས་གདོན་གྱི་ནད། དེ་མ་བཅོས་པས་སྨན་དཔྱད་ལེན་མི་འདོད།གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད།དཔེར་ན་དཔུང་པ་གཡར་བའི་བཙོན་མ་འདྲ་ཞེས་དང་། །གདོན་ལ་ཡང་བྱིས་གདོན་ནི་ལྷ་ཆེན་བརྒྱད་ཀྱི་ནང་ཚན་གཞོན་ནུ་གདོང་དྲུག་གི་སྤྲུལ་པར་གྲགས་པ་སྐེམ་བྱེད་སོགས་གདོན་ཆེན་པོ་བཅུ་གཉིས།ལས་མཁན་རྒྱལ་བསེན་གྱི་གདོན་ཞེས་ན་ཚོད་མ་སྨིན་པའི་བྱིས་པ་ཁོ་ན་ལ་གནོད་པར་བྱེད་པ་ལས་བྱུང་བའི་རྟགས་སོ་སོ་ལ་བརྟེན་གདོན་ངོས་བཟུང་པར་བཤད། རྒྱུད་ལས་དེ་རིག་སྐེམ་བྱེད་གཞོན་ནུ་གདོང་དྲུག་གི སྤྲུལ་བ་སྐྱེས་བུའི་གཟུགས་ཅན་རྣམ་པ་ལྔ་།བུད་མེད་གཟུགས་ཅན་བདུན་ཏེ་བཅུ་གཉིས་བཤད་ཞེས་དང་།མན་ངག་ལྷན་ཐབས་ལས།རྒྱུ་ནི་དུག་གསུམ་སྔོན་ལས་རྣམ་སྨིན་ཏེ།ཕྲལ་རྐྱེན་ཕ་མས་ཡ་ག་ཅན་བསྡོས་དང་།འདྲེ་ཅན་ནོར་ཁྱེར་འགྲུལ་གསར་སོགས་ལས་བསྐྱེད།ཅེས་དང་།བྱིས་གདོན་གྱི་ནད་རྟགས་ལ་དོན་མེད་དུ་ངུ་བ་དང་ལྷག་པར་མཚན་མོ་ངུ་བ།སྔ་དྲོ་ལས་ཕྱི་དྲོ་ངུ་ཞིང་ཚད་པ་རྒྱག་པ། སྐྲག་འདར་འབྱུང་བ།མི་གཉིད་པ་དང་ནུ་མ་མི་ནུ་བ།མ་ལ་སྦར་ནས་འཁུན་སྒྲ་འབྱི་པ་སོགས་ཀྱི་རྟགས་ཡོད་ལ།དེ་དག་ལ་དེང་རབ་འཕྲུལ་ཆས་གིས་རྟོགས་མི་ཐུབ་ཅིང་ནད་འདི་འོ་ཞེས་ཐག་ཆོད་དཀའ་བས་བྱིས་པར་ནད་ཀྱི་དཀའ་སྡུག་སྔར་བཞིན་གནས།གདོན་ནད་དེ་ལ་ཡང་འབཻ་ལོ་ཙྭ་བས་གདོན་ནི་རང་ངོ་མ་ཤེས་འཁྲུལ་བའི་རྣམ་རྟོག་གིས་ཕན་གནོད་སྒྲོ་བཏགས་བྱས་པ་ལས་བྱུང་བའི་མི་མིན་གྱིས་གནོད་པ་གཏོང་བའི་ནུས་མཐུའི་མིང་ངོ་།ཞེས་དང་།སོགས་པོ་ལུང་རིགས་བསྟན་དར་གྱིས་གདོན་ནི་ཀུན་བརྟགས་འཁྲུལ་པའི་རྣམ་རྟོག་གིས་ཕན་གནོད་སྒྲོ་བཏགས་བྱས་པ་ལས་བྱུང་བའི་མི་མིན་གྱིས་གནོད་པ་གཏོང་བའི་ནུས་མཐུའི་མིང་ངོ་ཞེས་དང་།བཀྲ་འབུམ་པས་ངོ་བོ་ལུས་ཀྱི་འབྱུང་བའི་ཁམས་འཕེལ་ཟད་འཁྲུགས་པ་ཁོ་ན་ལས་བྱུང་བ་མ་ཡི་པར་རྒྱབ་རྟེན་མི་མིན་གྱིས་བྱས་པའི་ལུས་སེམས་མི་བདེ་བའི་ནད་ཀྱི་མིང་སྟེ་ཞེས་གསུངས་པ་ལྟར་དང་།
ན་ཚོད་བཅུ་དྲུག་གི་བར་ལ་བྱིས་པ་ཞེས་ལང་ཚོ་མ་རྫོགས་པ་དེ་ལ་རྒྱུད་ལས་དང་པོ་རྒྱུ་ནི་རླུང་མཁྲིས་བད་ཀན་ལ། རྐྱེན་ནི་མ་ཡི་རྐྱེན་དང་བུ་རྐྱེན་གཉིས་གསུངས་པ་ལས།ཡང་མ་རྐྱེན་མ་ཡིས་ཟས་སྤྱོད་གང་འཕེལ་བའི།མ་ཡི་རླུང་མཁྲིས་ཁྲག་དང་བད་ཀན་ནད།བུ་ལ་ལྷུང་དང་མི་གཙང་གདོན་རྐྱེན་གྱིས། འོན་ལུང་དེག་པ་ཞ་སྒུར་ཤོ་སོགས་འབྱུང་།འདི་རྣམས་ལྷེན་སྐྱེས་ནད་ཡིན་གསོར་མི་ནུས།ཞེས་གསུངས་པ་ལྟར་མས་ཟས་དང་སྤྱོད་ལམ་ལོག་པ་དང་དེས་དབང་གི་རང་རྒྱུད་ལ་ཡོད་པའི་འདུ་བ་རྣམས་འཕེལ་ཟད་འཁྲུགས་གསུམ་སུ་གྱུར་ནས་རླུང་མཁྲིས་ཁྲག་དང་ཆུ་སེར་གང་རུང་བུ་ལ་ལྷུང་བ་དང་། ཡང་མི་གཙང་བའི་གྲིབ་རྐྱེན་དང་གདོན་སོགས་ཀྱིས་འོན་དེག་མིག་ལོང་བ་ཡན་ལག་ཞ་བ་དང་ལུས་སྒུར་ཁ་མཆུ་ཡ་རྐན་ཤོ་བ་བཅས་ལྷན་སྐྱེས་ནད་ཡིན་ཕལ་ཆེར་གསོ་མི་ནུས་ཞེས་གསུངས་ཡོད་པ་རེད། ཁྱད་པར་དེང་དུས་རྫས་འགྱུར་གྱི་ནུབ་སྨན་དཔེར་ན་四环素ལྟ་བུ་སོགས་ནུབ་སྨན་ཕར་ཆེར་མཁོ་སྤྱོད་མི་རུང་བ་དང་ཞོར་སྐྱོ་མེད་པ་མེད་པས་དེ་དག་གིས་གཟུགས་མི་སྡུག་པར་འགྱུར་བ་རེད།དེ་དང་འདྲ་བ་དེང་སང་དུག་རྫས་ལས་གྲུབ་པའི་ཟས་རིགས་ངན་པ་དང་དུས་ཚོད་ཡོལ་བའི་ཟས་སྐོམ་བཙོག་པ་བཟས་པ་སོགས་དང་། སྤྱོད་ལམ་ཡ་མ་ཟུང་ཀྱིས་ག་ས་གར་འཁྱམ་ཉུལ་བྱེད་པའི་དབང་གིས་བུ་ཕྲུག་རྣམས་གཟུགས་མི་སྡུག་པར་གྱུར་བའི་རྐྱེན་གཙོ་བོར་འགྱུར་བཞིན་པ་འོ།། ཚང་གསར་སྨན་པ་མེ་ཏོག །

(Visited 17 times, 1 visits today)