བྱིས་པའི་ངུ་སྐད་ལ་བརྟག་ཐབས།།

དེ་ཡང་དྲི་མེད་འོད་ཟེར་ལས། ལུས་སེམས་མ་སྨིན་ན་ཕྲ་མོ། བྱིས་པ་ཞེས་བྱ་དེ་ཉིད་ལ། བཅུ་གཉིས་ཞག་ནས་ལོ་བརྒྱད་ཚུན། རླུང་ཁྲག་རྒྱུ་ཤེད་མ་རྫོགས་བར། ལག་པའི་འཕར་རྩ་མ་ངེས་པས་ཞེས་པ་ལྟར་བྱིས་པའི་ནད་ངོས་འཛིན་བྱེད་གྱུར་དཀའ་ཁག་ཤིན་ཏུ་ཆེ་ལ་ན་ལུགས་སློང་རྐྱེན་སོགས་སྨྲ་མི་ཤེས་པ་དང་ལག་པའི་འཕར་རྩ་སོགས་མི་གསལ་བས་རྣ་རྩ་དང་། གདོང་གི་མདངས། ནུ་ཞོ་འཁྲུ་བའི་མདོག་ངུ་སྐད་སོགས་ལ་བརྟག་པ་མ་ཤེས་པར་བྱིས་པའི་ནད་ངོས་མི་ཟིན་པས་དེ་ལ་ངུ་བའི་རྟགས་འདི་ཡང་རྒྱུད་དང་མན་ངག་ཉམས་མྱོངས་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་པ་ལས་ལས་སླ་བོས་རྟགས་དེ་ཉིད་མི་རྟོགས་པས་དེ་ལ་རྒྱུད་ལས་སྤྱི་རྟགས་རྟག་ཏུ་ངུ་ལས་ནར་ཤེས་བྱ་ཞེས་གསུངས་པ་དང་། ཡང་བཀའ་རྒྱ་མ་ལས། ལྟོགས་ལས་ངུ་དང་ནད་ཀྱིས་ངུ། གདོན་གྱིས་གཙེར་ནས་ངུ་བ་འོ། ཞེས་དང་དེ་ལས་ལྟོགས་ངུ་ནུ་མར་སོས་འདེབས་ཤིང་། མ་ལ་ཚིག་པ་ཟ་ཚུལ་སྟོན་ཞེས་པ་ལྟར་མ་ཡི་འཚོ་བཅུད་ལྡན་པའི་ཟས་ཟ་ཉུང་བའི་རྐྱེན་གྱིས་མ་ཡི་ནུ་ཞོ་ཉུང་ན་ལྟོག་ནས་བ་དང་། ཡང་དེ་ཉིད་ལས་ནད་ཀྱི་རྐྱེན་ལས་ངུ་བ་ནི། ངུ་འདོད་ཉམ་ཆུང་སྐད་མི་ཕྱིན་ཞེས་དང་ན་ཟུག་ཡོད་པའི་སར་མནན་ན་དྲག་ཏུ་ངུ་བ་དང་།ཡང་གདོན་གྱིས་ངུ་བ་མའི་པང་ནས་རེངས་ཤིང་ངུ་འམ་མིག་ཧར་ངུ། ངུ་སྐད་རྣམ་གསུམ་མི་ཤེས་པའི།ཡུད་ཆོས་བྱས་པས་ཅི་ལ་ཕན། དེས་ན་ངུ་སྐད་བརྟག་པ་གཅེས། ཞེས་གསུངས་པ་ལྟར་བྱིས་པ་གསོ་འདོད་ན་ངུ་སྐད་བརྟགས་པ་ཤིན་ཏུ་གལ་ཆེ་བས་དེ་དག་ཚུལ་བཞིན་མ་ཤེས་ན་ནད་ངོས་འཛིན་པའི་ཆ་སྐྱེན་གཅིག་མ་ཚང་པས། གུ་རུ་པདྨའི་ཞལ་ནས་ཀྱང་། བུ་ཆུང་ན་ཚ་མེད་པ་རུ། ངུ་ན་འདྲེ་ཡི་གནོད་པ་ཡིན།གསུངས་པ་དང་།གཞན་ཡང་ཆུང་བཅོས་སོགས་ལས། ཕྲ་ལ་རིང་བ་ཚ་བའི་སྐད། སྦོམ་ལ་རིང་བ་གྲང་བའི་སྐད། འགགས་ལ་འཛེར་བ་གློ་བའི་སྐད། ཆེ་ཆུང་བྱེད་པ་གདོན་གྱི་སྐད།ངང་སྐད་འཁྲུ་སྐྱུག་མཆིན་པའི་སྐད། ཞེས་ངུ་སྐད་ལ་རྟགས་པས་ནད་ངོས་བདེ་བླག་ཏུ་རྟོགས་པ་དང་། དེ་ལ་ཡང་བྱིས་གདོན་གྱི་ཟིན་པའི་རྟགས་ལ་བྱིས་གདོན་བཅུ་གཉིས་ནང་ནས་ཡང་རྒྱལ་པོའི་གདོན་ལས་ལས་མཁན་རྒྱལ་བསེན་གཉིས་ཀྱི་ཕོ་གདོན་རྒྱལ་བོ་སྟེ་མིག་འབྲས་གྱེན་ལ་ལྡོག་ཅིང་དངངས་འདར་བྱེད་པ་དུས་ཚོད་ཐོ་རེངས་ཀྱི་དུས་སུ་ངུ་བ། བསེན་མོའི་གདོན་ལ་ཕོ་ཉ་མོ་ཡི་གདོན་ཞེས་བསེན་མོ་ཞེས་པའི་གདོན་ལ་བྱིས་པའི་ཤེས་པ་བསྡུས་ནས་རྨོངས་ཤིང་འཐིབས་པར་བྱེད་པ་དང་། ལུས་ལ་ཚ་བ་སྐྱེ་བར་བྱས་ནས་དུས་ཚོད་སྲོད་ཀྱི་དུས་སུ་ངུ་བར་བྱེད་པ་དེ་ཡིན་པས་བྱིས་པ་ངུ་བའི་དུས་དང་ནད་རྟགས་དེ་དག་ལྡན་ན་བྱིས་གདོན་བཅུ་གཉིས་ཀྱི་ནང་ཚན་གདོན་དེ་དག་ལ་ངོས་འཛིན་བྱེད་དགོས།ཡང་རྒྱུད་ལས་ཤེས་རྟགས་ལུགས་འབྱུང་སྐྱེས་དང་གན་རྐྱལ་བྱུང་། ལྟེ་བ་སྟོད་དཀྲིས་ངུ་སྐད་དྲང་པོ་སྒྲོག་ཞེས་པ་ནས་དེ་འདྲ་གསོ་སླ་མི་ནོར་བཀྲ་ཤིས་འགྱུར་ཞེས་བསྟན་ཡོད། སྐྱེས་མ་ཐག་ཏུ་ངུ་སྐད་དྲག་ལ་སྔངས་འདར་བྱེད་པ་ཚོར་བ་སྐྱེན་པ་སོགས་ནི་བཟང་བ་ཡིན་ལ། རྣ་བ་སྐྱ་ལ་འབྱར་བ། ཡང་ངུ་བའི་སྐད་ལ་རྟགས་པ་ནི་ཁྱིའུ་ལོང་རོའི་སྐད་འདྲ་དང་། རྟེའུ་རྩེའི་སྐད་དང་སྐྱུང་ཀའི་སྐད། འདྲ་ན་སེར་ནད་མི་ལ་ཡིན་ཞེས་དང་། ཡང་རེའུ་སྐད་སྨྲ་ཞེས་ངུ་བའི་སྐད་འཕང་དམའ་ལ་འཛེར་བ་སོགས་ནི་ངན་པར་བཤད། གཞན་ཡང་བྱིས་པ་སྔ་དྲོ་བདེ་ལ་ཕྱི་དྲོ་ཚད་པ་ཆེ་རུ་འགྲོ་བ་དང་ལྟག་པ་སོགས་ནས་དངུལ་ནག་གཞུར་བ་ཁྱད་པར་དུ་མཚན་མོ་གཉིན་མི་ཟིན་པར་ངུ་བ་སོགས་ནི་འཚོ་བཅུད་ཀྱིས་མ་འདང་པ་ཡིན་པས་འཚོ་བཅུད་ཁ་སབ་བྱེད་དགོས་སོ།། ཚང་སར་མེ་ཏོག་ནས།

(Visited 14 times, 1 visits today)