རླུང་རྡོ་རྗེའི་བཟླས་པ།

རླུང་རྡོ་རྗེའི་བཟླས་པ་ནི། རླུང་འཇུག་པ་ཨོཾ། གནས་པ་ཨཱཿ དབྱུང་བ་ཧཱུཾ་གིས་རང་བཞིན་དུ་བྷཻ་པ་ནི་སྲོག་རྩོལ་བུམ་པ་ཅན་གྱི་སྔོན་འགྲོ་སྟེ། རྒྱུད་ལས། ཟླ་བ་ཉི་མཨཱཿ སྭོཊ་ཀ་སྭོ་རྣམ་གསུམ་འགྲོ་བ་རྟོགས་པའི་སྐུའི་རྡོ་རྗེ་སོ་ཧས་བཟླས་པ་ཞེས་དང་། གསང་འདུས་ལས་ཀྱང་། ངག་རླུང་འབྲུ་གསུམ་འཁོར་ལོ་ནི།  ། རྔུབ་སྐྱིལ་འཕངས་དང་བསྐོར་བ་སྟེ། བདེ་གཤེགས་ཡོངས་ཀྱི་ཡང་སྙིང་མཆོག།  །རྔུབ་རླུང་ཨོཾ་ལ་སྐྱིལ་རླུང་ཨཱཿ འཕངས་པ་ཧཱུཾ་ཡིག་རླུང་གསུམ་པའི།  །གནས་པ་ཨ་མ་ཟིན་ནན་བསྐྱེད།  །ཅེས་སོ། །


 

རླུང་རོ་བསལ་བ། 

རླུང་རོ་བསལ་བ་རྡོར་སྐྱིལ་ངང༌། །ཁུ་ཚུར་གཉིས་པུས་བཞག་གཡོན་པ་གྱེན་དུ་ཁྱེར། །མཆན་རྡེབས་དང་བཅས་ཤད་འཕང་པད་ཀོར་ཉམས། །ཁུ་ཚུར་ཚུར་བཀུག་གྲུ་བཏེགས་ཁུ་ཚུར་མཛུབ་མོ་ཡིས། །སྣ་བུག་གཡོན་བཀག་མགྲིན་པ་གཡས་དཀྱུ་བཅས། །རླུང་དུག་ལན་གསུམ་སྐྱེ་བ་ཚེ་རབས་ཐོག་མ་མེད་པ་ནས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུ་བའི་རྣམ་པར་སྣ་བུག་གཡས་དང་བ་སྤུའི་བུ་ག་ཀུན་ནས་སྔོ་སིབ་ཀྱིས་སོང་བར་བསམ་ལ། བུས་མཐར་མཆན་རྡེབས་འཇུག །ཤད་བརྐྱང་ཁུ་ཚུར་པུས་བཞག་གཡས་པའང་སྦྱར། ཞེ་སྡང་གི་བསགས་པའི་ལས་སྣ་བུག་གཡོན་ནས། །ཁུ་ཚུར་པུས་གཉིས་སྟེང་བཞག་ལུས་བསྲང་སྟེ། །སྣ་བུག་དབུས་གཏི་མུག་གཉིས་ནས་རླུང་དུག་གསུམ་བསལ་མཐར་རྒྱུ་བ་ཉེར་གཅིག་ཙམ་བསྒྲངས་ནས་རླུང་སོར་འཇུག་བྱ།


 

སེམས་ཉིད་ངལ་གསོ།

འདས་པ་མི་མནོ། མ་འོངས་པ་མི་བསམ། ཆེད་དུ་བློས་བཏགས་ནས་མི་བསྒོམ། སྟོང་པ་ཉིད་ཅེས་ཅང་མེད་པར་ཡང་མི་བལྟ། ད་ལྟར་སྒོ་ལྔའི་ཡུལ་དུ་གང་སྣང་ཡང་འདི་ཡིན་འདི་མིན་ཞེས་རྟོག་དཔྱོད་མི་བྱེད་པར་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་སེམས་རང་བབས་སུ་འཇོག་པ་སྟེ་སྐད་ཅིག་ཀྱང་མ་ཡེངས་པར་བྱའོ། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། ལྷན་ཅིག་སྐྱེ་པ་འབྱུང་བ་ཐེ་ཚོམ་མེད། ཏི་ལླི་པས། མི་མནོ་མི་བསམ་མི་དཔྱད་ཅིང་། མི་བསྒོམ་མི་སེམས་རང་བབས་གཞག །  ཟླ་འོད་གཞོན་ནུས། མ་ཡེངས་པ་ནི་སངས་རྒྱ་ཀུན་གྱི་ལམ། ཀླུ་སྒྲུབ་ཀྱིས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱི། བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། དེ་ལ་བསྒྲིམས་ཏེ་མངོན་པར་བསྲུང་བགྱི་ཞིང་། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། ཞེས་པའི་དྲན་པ་ནི་མ་ཡེངས་པ་སྟེ། ཆོས་མངོན་པ་ལས། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པའོ། (ཕྱག་ཆེན་ཟིན་བྲིས འབྲུག་པད་དཀར།  དཔེར་ན། ཆུ་དེ་ཉིད་བསྙོགས་ཏེ་ཇི་འདྲའི་མི་གཙང་བ་ཞིག་ཏུ་བསྒྱུར་ན་ཡང་། ཆུ་དེ་ཉིད་རང་བབས་ངང་གིས་བཞག་ན། ཆུའི་རང་བཞིན་ལ་སྙིགས་རོ་དག་མ་ཞུགས་པའི་ཕྱིར། རང་ཞིན་ངང་གིས་དྭངས་མོར་འགྱུར་འགྲོ་དང་ཆོས་མཚུངས་སོ།


 

རླུང་སྦྱོར་བ་བཞི་ལྡན་ནི། 

རྔུབ་དང་དགང་དང་གཞིལ་བ་དང༌། མདའ་ལྟར་འཕང་བ་རྣམ་བཞིའོ། །ཞེས་དང༌། འགྲོ་མགོན་ཏི་རས་ཀྱིས། རྔུབ་པ་ཡིས་ནི་ནང་དུ་གཞུག དགང་བ་ཡིས་ནི་རྒྱས་པར་བྱེད། གཞིལ་བ་ཡིས་ནི་ཞི་བར་བྱེད། མདའ་ལྟར་འཕངས་བས་སྐྱོན་རྣམས་སེལ། ཞེས་གསུངས་པ་ལྟར་དེ་ནས་ལུས་གནད་སྔར་ལྟར་ལས་སྒལ་ཚིག་ཅུང་ཟད་བསྲིང༌། འོག་སྒོའི་ཐད་དུ་བསམ་གཏན་གྱི་འབོལ་ཆུང་སོར་བཞི་པ་ཙམ་གྱིས་བཏེགས་ལ།

ཐོག་མར་རླུང་རྔུབ་པ་ནི། མགྲིན་པ་ཅུང་ཟད་བཀུག་མཆུའི་རྩ་བ་སྣ་བུག་ལ་བཅར་རླུང་ཕྱི་ནས་འཇམ་ལ་རིང་བ་རྫོགས་པར་རྔུབ།

དགང་བ་ནི། ལྟེ་འོག་ཏུ་ཆིལ་གྱིས་བཀང་ལ་ཅུང་ཟད་མནན་པ་སྟེ་དང་པོ་མཆིལ་མ་དང་བཅས་ནས་གནོན་པར་བྱེད་དོ། སྟེང་རླུང་བདེ་བར་མ་བྱང་བར་དུ་འོག་རླུང་ཡིད་ཙམ་འཐེན་ཞིང་བྱང་ནས་འོག་རླུང་རྒྱུ་ཞབས་མི་འགུལ་བར་དྲངས་ལ་ལྟེ་འོག་ཏུ་ཁ་སྦྱོར་དུ་འཛིན་པ་བུམ་པ་ཅན་ཞེས་བྱ་བའོ། །

གཞིལ་བ་ནི། རླུང་ཐུབ་ཐང་དུ་བཟུང་ལ་མི་ཐུབ་པ་སྙམ་བྱེད་པ་ན་རླུང་ཅུང་ཟད་ཙམ་བཏང་ནས་རྔུབ་ཆུང་བྱས་ཏེ་གཡས་གཡོན་དབུས་གསུམ་དུ་དལ་གྱིས་གཅུད།

འཕང་བ་ནི། རླུང་མི་ཐུབ་ན་ལྟག་པ་ཅུང་ཟད་དགྱེ་སྟེ་སྣ་བུག་གཉིས་ནས་དལ་བུས་བཏང་ངོ༌། དམིགས་པ་ནི། རྔུབ་པའི་ཚེ་སྣ་བུག་གི་ཕྱི་རོལ་སོར་བཅུ་དྲུག་ལ་སོགས་པ་ནས་རླུང་ཁ་དོག་སྔོན་པོ་ནར་གྱིས་རྔུབ་པར་བསམ། དགང་བའི་ཚེ་རོ་རྐྱང་གཉིས་ནས་རྒྱུ་མ་ཕུས་བཏབ་པ་ལྟར་གང་ལྟེ་དབུ་མར་སོང་བར་བསམ། གཞིལ་བའི་ཚེ་དབུ་མའི་ནང་དུ་འཁྱིལ་ཞིང་གནས་པར་བསམ། བཏང་བའི་ཚེ་སྤྱི་གཙུག་གི་ཚངས་བུག་ནས་རླུང་སེམས་འདུས་པའི་ཐིག་ལེ་དཀར་པོ་ཉུང་འབྲུ་ཙམ་དང་བཅས་པའི་རླུང་སྔོ་ཕྱུར་གྱིས་མདའ་འཕངས་པ་ལྟར་སོང་བར་བསམ་པ་བཤད་ཀྱང༌། ཐུན་སྟོད་རེ་རེ་ཙམ་མ་གཏོགས་རྒྱུན་དུ་དབུ་མའི་ཡར་སྣ་སྨིན་མཚམས་ན་ཡོད་པ་ལས་ཐོན་ཏེ་སྔོ་སིལ་གྱིས་སོང་བར་བསམ་པ་བཞེད་དོ།

(Visited 317 times, 1 visits today)