ནང་ཆེན་འཆི་མེད་སྨན་རྩིས་ཁང་གི་ལོ་རྒྱུས་མདོར་བསྡུས།

མཚོ་སྔོན་ཞིང་ཆེན་ནང་ཆེན་འཆི་མེད་སྨན་རྩིས་ཁང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ཟབ་མོའི་ཐོག་ཞིང་འབྲོག་མི་དམངས་ཀྱི་དགོས་མཁོ་དང་མཐུན་པར་སྤྱི་ལོ་ ༡༩༦༧ ལོར་ཁམས་མདོ་སྟོད་ནང་ཆེན་སྡོམ་པ་རེ་བླ་ཞེས་པའི་ས་གནས་སུ་དོན་བརྒྱུད་འབའ་རོམ་པའི་བསྟན་པའི་བརྒྱུད་འཛིན་ཚང་སར་བླ་མ་འཇམ་དབྱངས་བློ་གྲོས་རིན་ཆེན་གྱི་དངོས་སློབ་ཚང་སར་ལྷ་རྗེ་བྱམས་པ་འཆི་མེད་ཞེས་བཅུ་ཕྲག་རིག་པའི་གནས་སྤྱི་དང་ཁྱད་པར་དུ་སྨན་རྩིས་སོགས་ལ་བྱང་ཆུབ་པའི་དམ་པ་ཁོང་གིས་ཐོག་མར་སྨན་རྩི་ཁང་འདི་གསར་འཛུགས་མཛད།
སྐབས་དེ་དུས་ཡུལ་ཁམས་སྤྱིའི་ཁོར་ཡུག་གི་ཆ་རྐྱེན་ཞན་པས། འཕྲུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་བྱེད་སའི་གཞུང་ལམ་ལྟ་ཞོག །རྟ་ཁལ་རྣམས་ཀྱི་རྒྱབ་ཐོག་ཏུ་ཡང་སྐྱེལ་འདྲེན་སྟབས་བདེ་མེད་པའི་དུས་ཤིག་ཡིན། སྤྱིར་མི་དམངས་རྣམས་ཁ་འཐོར་རང་བཞིན་གྱིས་རི་བོ་མཐོ་ལ་གཡང་གཟར་ཆེ་བའི་ལུང་ཁུག་གྲོག་རོང་དང་རི་སུལ་དུ་གནས་ཡོད་པ་དང་། གློ་བུར་དུ་ནད་དང་འགལ་རྐྱེན་འདྲ་མིན་འཕྲད་པའི་སྐབས་སྨན་པ་དང་ནད་པ་ཕན་ཚུན་འབྲེལ་ལམ་བྱེད་རྒྱུ་ཡང་ཧ་ཅང་གི་དཀའ་བའི་དུས་ཤིག་ཡིན།
འོན་ཀྱང་རང་རེའི་སྨན་པ་རྣམས་ཀྱིས་ས་གནས་དེ་དག་ལ་གནས་པའི་མི་དམངས་རྣམས་ལ་ཞབས་ཞུ་དང་སྨན་བཅོས་བྱེད་སྐབས་སྨན་རྐྱལ་ཕྲག་པར་ཁུར། དབྱུག་པ་ལག་ཏུ་ཐོགས་ཏེ་གཅོང་རོང་ལམ་འཕྲང་བརྒྱུད་དེ་ཉིན་མཚན་ལྟོས་མེད་ཀྱིས་ནད་པ་སོ་སོའི་སྒོ་ཁར་ཕར་འགྲོ་བ་ལས་ནད་པ་ཚུར་སྨན་པའི་སར་ཡོང་བའི་སྲོལ་ནི་རེ་ཟུང་ལས་མེད། སྐབས་དེ་དང་དེའི་དུས་སུ་སྨན་པ་རང་རང་གིས་སྨན་རྣམས་ཉོ་སྒྲུབ་དང་ཡུལ་འཐོན་སྨན་རྩྭ་རྣམས་འཐུ་སྒྲུབ་བྱས་རྗེས་སྨན་རྫས་སྦྱོར་བཟོ་བྱེད་སྐབས་ཕྱེ་མ་རྣམས་ལག་པས་རྡོ་གཏུན་དུ་གཏུན་ཞིང་ཞིབ་མོར་དབུལ་བ་དང་རིལ་བུ་རྣམས་མཛུབ་མོས་བསྒྲིལ་རྗེས་རྒྱ་ཆེའི་ཞིང་འབྲོག་མི་དམངས་རྣམས་ལ་དགེ་སྨན་དུ་གཏོང་བ་ལས་སྨན་རིན་ལེན་སྲོལ་མེད།
དེར་བརྟེན་སྨན་པའི་གྲངས་ཚད་ཉུང་བ་དང་། སྨན་རྫས་དཀོན་ཞིང་འཚོལ་སྒྲུབ་དགོས་ན་ཡང་། གང་ཐད་ནས་དཀའ་ངལ་ཆེན་པོ་ཡོད་པ་དང་། རྒྱུན་མཐོང་གི་ནད་རིགས་སྣ་ཚོགས་ནི་ཆེས་མང་བས་རྒྱུན་དུ་མིའི་འཆི་འདས་གྲངས་ཚད་མཐོ་ཞིང་། ཁྱད་པར་དུ་རྒན་བྱིས་ཀྱི་འཆི་གྲངས་དེ་བས་ཀྱང་མང་བ་ཡོད། ཡིན་ན་ཡང་སྐབས་དེའི་སྤྱི་ཚོགས་ཁོར་ཡུག་གི་འཁྲོད་ཏུ་སྨན་བཅོས་མི་སྣ་རྣམས་ཀྱིས་ནད་རིགས་ལ་འཐབ་རྩོད་དང་དབྱེ་ཞིབ་ཉམས་མྱོང་གང་མང་ཕྱོགས་བསྡོམས་བྱས་ནས་ལག་རྩལ་གོང་འཕེལ་ཚན་རིག་དང་མཐུན་པའི་སྨན་སྦྱོར་གསར་བཟོ་སོགས་ཀྱི་གྲུབ་འབྲས་མི་དམན་པ་ཞིག་ང་ཚོའི་སྨན་ཁང་དུ་གསོག་ཉར་བྱས་ཡོད།
སྤྱི་ལོ་ ༡༩༩༧ ལོར་རང་རེའི་སྨན་ཁང་དེ་ཉིད་ནང་ཆེན་རྫོང་ཐོག་ཏུ་སྤོས་རྗེས་ཡུལ་ཤུལ་ཁུལ་གྱི་རྫོང་ཁག་ལྔའི་ཞིང་འབྲོག་མང་ཚོགས་རྣམས་དང་། གཞན་ཡང་ཆབ་མདོ་ཟི་ཁྲོན་སོགས་ས་ཆ་གཞན་ནས་འཐོན་པའི་ནད་རིགས་འདྲ་མིན་གྱི་ནད་པ་སྤྱི་དང་། ཁྱད་པར་དུ་ཕྱི་ལུགས་སྨན་པས་བཅོས་ཐབས་བྲལ་བའི་དལ་བའི་རང་བཞིན་གྱི་ནད་རིགས་ཁག་ལ་ཞིབ་ཕྲའི་ནད་རྟགས་སྨན་བཅོས་ཀྱིས་སྦྱོང་དང་། གཏར་སྲེག །དུག་ལུམ། བྱུག་པ་སོགས་ཀྱིས་ཕན་འབྲས་མངོན་གསལ་ཐོན་པས། དེང་དུས་ཀྱང་རྒྱ་ཆེའི་མི་དམངས་རྣམས་ཀྱིས་དགའ་བསུ་དང་གུས་བཀུར་ཚད་མེད་ཐོབ་བཞིན་ཡོད་པ་ལྟར། ང་ཚོས་ཀྱང་སྔོན་ལས་ལྷག་པའི་འབད་པ་ལྷོད་མེད་ཀྱིས་ནད་རྟགས་སྨན་བཅོས་དང་། སྨན་རྫས་རྣམས་འཐུ་སྒྲུབ་གང་ཐད་ནས་ཚད་ལྡན་རང་བཞིན་ལ་འབད་འབུང་ཆེ་སྐྱེད་བྱེད་ཀྱི་ཡོད་པ་དང་།
དེ་བཞིན་ཡབ་མེས་གོང་མ་ནས་བརྒྱུད་པའི་ཕྱག་རྒྱུན་དེ་རང་ཅག་ད་ལྟའི་སློབ་མ་རྣམས་ཀྱི་ལག་ཏུ་ཡོད་པ་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་དོན་དུ་དཀའ་སྤྱད་སྡུག་རུས་བྱེད་རྒྱུ་འདི་ཡང་གལ་ཆེ་ཞིག་ཏུ་མཐོང་གི་ཡོད་པ་ལས། ཚོང་རྫས་དང་གནས་སྐབས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་གཉེར་བ་མ་ཡིན་པར། གོང་མའི་ཞལ་རྒྱུན་དང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལྟར་འཛིན་སྐྱོང་སྤེལ་གསུམ་བྱེད་བཞིན་ཡོད་དོ།།
ནང་ཆེན་འཆི་མེད་སྨན་རྩིས་ཁང་ནས། ༢༠༡༣ ཟླ ༡༡ ཚེས༡༥ ཉིས་བྲིས།

(Visited 17 times, 1 visits today)