༄༅།། སྨན་པ་མཁས་པའི་དབང་པོ་ག་བླ་ཚུལ་ཁྲིམས་མཐར་ཕྱིན་གྱི་ལོ་རྒྱུས་བསྡུས་གསལ།།

སྨན་པ་མཁས་དབང་ག་བླ་ཚུལ་ཁྲིམས་མཐར་ཕྱིན་ནམ་ག་བླ་ཚུལ་མཐར་ནི་བོད་རབ་བྱུང་༡༥པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་༡༨༨༢ལོར་སྡོམ་པ་ཨ་འབུམ་བརྒྱུད་ག་བླ་སྨན་པའི་གདུང་དུ་གྲགས་པ་ཡབ་ག་བླ་ཚེ་རྒྱལ་ཞེས་སྨན་པ་མཁས་པ་དེས་རིགས་སུ་སྐུ་འཁྲུངས། ཡུམ་གྱི་མཚན་མ་གསལ། དེ་ནས་ཡབ་ལས་ཡི་གེ་འབྲི་ཀློག་དང་རང་གི་ཡ་མེས་ནས་བརྒྱུད་པའི་མན་ངག་གཞན་ཡང་གཞུང་དང་ལག་ལེན་ཚང་མར་སྦྱངས། ཁྱད་པར་དུ་ཚང་གསར་བླ་མ་འཆི་མེད་རྡོ་རྗེ་དང་སྡོམ་བཟའ་མའམ་ལྷ་གཡང་ཞེས་སྡོམ་པ་དཔོན་ཚང་གི་སྲས་མོ་སྨན་དང་རྩིས་བྲིས་སོགས་རིག་པའི་གནས་ཀུན་ལ་ཤིན་ཏུ་མཁས་པར་གྲགས་པ་གཉིས་དང། སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱིས་གདུང་རྒྱུད་དང་སློབ་བརྒྱུད་གཅིག་པ་འབྲོང་པ་སྦྲ་ཆུང་དཔོན་ཕུན་ཚོགས་རྣམ་རྒྱལ་དང་འབྲོང་བཟའ་དཀོན་སྒྲོན་ནས་རིམ་པར་བརྒྱུད་པའི་འབྲོང་སྨན་གནད་ཀྱི་གདམ་པ་རྣམས་མ་ལུས་པར་གསན་བཞེས་མཛད་པས། དུས་ཕྱིས་ལྕི་གཞུང་ནས་འབྲོང་སྨན་བརྒྱུད་འཛིན་དང་ཕྱག་ལེན་ཕུལ་དུ་ཕྱིན་པ་གནང་མཁན་གཞུང་དང་ལག་ལེན་ལ་ཤིན་ཏུ་མཁས་པ་སྨན་སྔགས་ཟུང་དུ་འབྲེལ་བ་ཞིག་ཡིན་ལ། འབྲོང་སྡོམ་ཁག་བཞི་ཞེས་པའི་ཡུལ་དབོན་རྣམས་དང་ཆེ་དགུའི་གཙུག་ཏུ་བཀུར་བའི་བླ་སྨན་ཞིག་ཏུ་གྲགས། སྨན་དང་ཆ་བྱད་སོགས་མི་དབུལ་བར་མཛད་ནས་རྟག་པར་འཆང་དགོས་པ་ནི་སྨན་པའི་དམ་ཚིག་ཡིན་པ་ལྟར་དཔལ་འབྱོར་གྱི་ཆ་རྐྱེན་ཆེས་ཞན་པའི་དུས་སྐབས་དེ་དུས་ཡང་། ཁོང་ལ་སྨན་དང་སྨན་རྫས་ཀྱི་ཆ་རྐྱེན་སོགས་ཤིན་ཏུ་འཛོམས་ལ་ཚགས་ཚུད་ལེགས་པར་གནང་མཁན་དང་། དུས་རྒྱུན་ཡར་མར་སུ་ཕེབས་སྐབས་སྨན་རྫས་དམིགས་གསལ་ཅན་ཁ་ཤས་རུམ་ལ་བཅུག་པ་དང་སྨན་གྱི་ཆ་བྱད་རྣམས་མ་ཚང་པ་མེད་པར་ལུས་ལ་འཆང་ནས་ལམ་ཁ་ཡན་ནས་ནད་པ་ཉམ་ཐག་རྣམས་འཕྲད་མ་ཐག་ཏུ་སྨན་དཔྱད་སོགས་གནང་བས་འབངས་མི་སེར་ཀུན་གྱིས་དགའ་བསུ་དང་ཡིད་ཆེས་ཚད་མེད་ཐོབ། དེར་བརྟེན། ཁོང་གི་མཚན་སྙན་གང་སར་ཁྱབ་པས་རྒྱལ་ཁབ་ཀྱིས་སྨན་པ་མཁས་པར་གདམ་སྟེ་ཀྲུང་དབྱང་མི་དམངས་ཉིན་རེས་ཚགས་པར་དང་རྒྱང་སྒྲོགས་གློག་འཕྲིན་ཁང་བཅས་ནས་ཁྱབ་བསྒྲགས་དང་འབྲེལ་དཔེ་བཟང་གིས་གཟེངས་རྟགས་དང་མཚན་སྙན་བཞེས་མྱོང་བ་རེད། ནང་ཆེན་རྫོང་མི་དམངས་སྨན་ཁང་ནས་གདན་ཞུས་འགའ་བྱས་ཀྱང་དགུང་ལོ་མཐོ་བ་དང་ས་ཐག་རིང་བའི་རྐྱེན་གྱིས་དང་ལེན་མ་མཛད་པ་རེད་འདུག སྤྱི་ལོ་༡༩༧༠པའི་ལོར་གོ་གཞུང་མཉམ་འབྲེལ་སྨན་ཁང་བཙུགས་པའི་གཙོ་བོའི་ཕྱག་ལས་དང་འགན་ཁུར་གནང་དེ་སྔོན་མའི་སློབ་མ་རྣམས་དང་། གསར་དུ་བསྡུས་པའི་སློབ་མ་གསར་རྙིང་ཐམས་ཅད་ལ་ཉིན་མཚན་ལྟོས་མེད་ཀྱིས་སློབ་ཁྲིད་དང་། སྨན་གཞུང་དངོས་ཀྱི་ལག་ལེན་སོགས་གང་ཐད་ནས་ཐུགས་ཁུར་དང་བརྩེ་གཟིགས་བརྗོད་མི་ཐུབ་ལྟ་བུ་གནང་འདུག མ་ཟད་པར་རྒྱུན་དུ་ཉམ་ཐག་ནད་པར་ལྟ་རྟོག་སོགས་ཕལ་བའི་མིས་བྱ་སྤྱོད་ལས་བརྒལ་བའི་མཛད་པ་མངའ་བ་ཞིང་། མི་ཟོག་ཙམ་དུ་མ་ཟད་ལྷ་འདྲེ་སོགས་ལ་ཡང་འགྲོ་དོན་སྨན་བཅོས་མཛད་པ་སོགས་ངོ་མཚར་བའི་གཏམ་རྒྱུད་ཤིན་ཏུ་མང་། སློབ་མ་ནི་ཕྱིས་སུ་ཡོད་པའི་སྡོམ་པ་བརྒྱུད་ཀྱི་སྨན་པ་མང་ཆེ་བ་ཁོང་གི་སློབ་བུར་མ་གྱུར་པ་ཆེར་མེད་པ་འདྲ། དེང་སྐབས་གཞུང་དང་ལག་ལེན་ཡ་མ་བྲལ་བར་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་མཁན་མང་པོ་བྱོན་དང་འབྱོན་བཞིན་པ་འདི་དག་ཀྱང་ཁོང་རྣམས་པའི་བཀའ་དྲིན་དང་ཐུགས་རྗེས་བདག་རྐྱེན་ལས་མ་འདས། མཐར་དགུང་གྲངས་༩༤བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་ལོ་སྟེ་༡༩༧༥ལོར་སྐུ་ཞི་བར་གཤེགས་སོ། དེ་ནས་ག་བླ་སྨན་པ་ངག་དབང་བཟང་པོ་དང་ག་བླ་སྨན་ལ་གཞན་ཕན་ག་བླ་སྨན་པ་ཕུར་དགའ་ཁོང་གི་ཚ་བོ་སྨན་པ་ཚང་གསར་བྱམས་པ་འཆི་མེད། ག་བླ་སྨན་པ་ཡོན་ནམ་བཅས་ཀྱིས་འདས་རྗེས་ཀྱི་བྱ་བ་རྣམས་ལེགས་པར་བསྒྲུབས་ཏེ་བརྒྱུད་པ་འཛིན་དང་འཛིན་བཞིན་པའོ།།
ཞེས་སྨན་རྩིས་མིང་ཙམ་འཛིན་པ་ཚང་སར་མེ་ཏོག་ནས་ཕྱི་ལོ་༢༠༡༩བོད་རབ་བྱུང་བཅུ་བདུན་པའི་ས་ཕག་ལོས་ཟླ་ཚེས་དགེ་བར་ལྷག་བསམ་གཙང་མས་བྲིས་པའོ།།

(Visited 13 times, 1 visits today)