༄༅།། ག་བླ་གཞན་ཕན་ལོ་རྒྱུས་བསྡུས་གསལ་ནི།།

ག་བླ་གཞན་ཕན་ནི་ཡབ་ག་བླ་རྟ་མགྲིན་དབང་རྒྱལ་ལམ་རྟ་དགའ་ཞེས་པ་སྡོམ་པ་བེ་ཧུའི་ནང་བློན་སྦྲ་ཆུང་དཔོན་ཚང་གི་རུ་དཔོན་དང་བྲག་སེར་དགོན་པའི་དགེ་བསྐོས་སོགས་ལས་གནས་གང་ལ་ཡང་འཇོན་ནུས་ལྡན་པ་དེ་དང་། ཡུམ་ག་ལྷ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ་༡༩༣༤ལོར་ཤུག་གུ་ཁ་ཞེས་པའི་ས་ཆར་སྐུ་འཁྲུངས། མཆོག་གྱུར་གླིང་པར་གཙུག་ཕུད་ཕུལ་བས་མ་འོངས་མངོན་གཟིགས་ལྟ་བུའི་མཚན་གནས་གཞན་ཕན་ཞེས་གནང་། ཆུང་དུས་ནས་བདེ་ཆེན་གླིང་དུ་སྐྱ་བཟའ་དགེ་མ་ཞེས་པའི་བུ་ཚབ་ཏུ་གསོས་ཏེ་ཡི་གེ་སྦྱོར་ཀློག་སོགས་ལེགས་པར་སྦྱངས་རྗེས། ཚང་གསར་བླ་མ་འཆི་མེད་རྡོ་རྗེ་རིན་པོ་ཆེ་དང་སྡོམ་པ་དཔོན་ཚང་གི་སྲས་མོ་སྡོམ་བཟའ་ལྷ་གཡང་ཞེས་སྨན་རྩིས་དང་ཡིག་གཟུགས་སྒྱུ་རྩལ་སོགས་རིག་པའི་གནས་ཀུན་ལ་ཤིན་ཏུ་མཁས་པའི་སྐྱེས་བུ་དམ་པ་གཉིས་ཀྱི་མདུན་ནས་ཐུན་མིན་ནང་གི་སྔོན་འགྲོ་ནས་རྩམ་ཏེ་དབང་ལུང་ཁྲིད་གསུམ་གྱི་གདམས་པ་གང་མང་ཐོབ། ཐུན་མོང་སྨན་རྩིས་དང་གསོ་བ་རིག་པ། ས་དཔྱད་སོགས་ལ་ཆུང་དུས་ནས་བག་ཆགས་ཀྱི་ཞན་པ་ཆེ་སྟབས་རིམ་བཞིན་སྦྱང་པ་མང་པོ་མཛད། །ཅུང་ནར་ཕྱིན་རྗེས་བྲག་སེར་དགོན་པའི་ཚོགས་ཞུགས་མཛད་དེ་ཆོ་ག་དང་ཆོས་སྤྱོད་དགོན་པའི་གར་ཐིག་དབྱངས་གསུམ་སོགས་ལ་མཁས་པའི་མཚན་སྙན་བཞེས། །དེ་ནས་དུས་ཀྱི་འགྱུར་བ་རིམ་བཞིན་སོང་སྟབས་མི་དམངས་སྤྱི་ཁང་གི་སྐབས་སུ་བསྟན་འཛིན་རབ་རྒྱས་ཀྱི་སློབ་བརྒྱུད་འབྲོང་པ་སྦྲ་ཆུང་དཔོན་ཕུན་ཚོགས་རྣམ་རྒྱལ་ནས་འབྲོང་བཟའ་དཀོན་སྒྲོན་དེ་ནས་ཁུ་བོ་སྨན་པ་མཁས་དབང་ག་བླ་ཚུལ་མཐར་བཅས་ཏེ་རིམ་པར་བརྒྱུད་པའི་མན་ངག་རྣམས་ཟམ་མ་ཆད་པར་འབྲོང་སྨན་གསང་གནད་ཀྱི་གདམས་པ་རྣམས་མ་ལུས་པར་ཞུས། སྨན་རྒན་མདོ་བ་རྟ་ལྷ་ནས་སྨན་གྱི་ངོས་འཛིན་དང་གསོ་བ་རིག་པའི་གཞུང་ལུགས་ཀྱི་དཀའ་གནད་རྣམས་ལ་གསན་བསམ་གནང་། སྐབས་དེར་ཁོང་ནི་སྨན་གཞུང་དང་ལག་ལེན་གང་ཐད་ནས་དམིགས་གསལ་བ་ཞིག་ཆགས་སྟབས་ཕྱོགས་དང་མཐའ་གྲུ་ཀུན་ཏུ་མཁས་པའི་གྲགས་པ་འབར། མི་དམངས་ཉམ་ཐག་དང་ནད་པ་རྣམས་པས་དམ་པ་ཁོང་ལ་དགའ་ཚོར་ཆེན་པོའི་སྒོ་ནས་ཡིད་ཆེས་བསམ་གྱིས་མི་ཁྱབ་པ་བྱུང་བས། གོ་གཞུང་རུ་ཆེན་ནས་སྨན་ཁང་ཞིག་གསར་འཛུགས་དགོས་པའི་རེ་བ་ཐེངས་མ་ཁ་ཤས་ལ་ཞུས་ཀྱང་ཡབ་མེས་ནས་དགེ་སྨན་མ་གཏོགས་བྱེད་སྲོལ་མི་འདུག དེས་ན་རང་གིས་ཀྱང་དེ་ལས་ལོགས་སུ་གཉེར་བའི་བསམ་པ་མེད་ཞེས་ཞལ་གཞེས་མ་གནང་བ་རེད་འདུག ཡིན་ན་ཡང་རྒྱལ་ཁབ་ནས་སྨན་པ་ཚད་ལྡན་གྱི་ལག་ཁྱེར་དང་དཔང་རྟགས་སོགས་མི་ཉུང་བ་དང་ལོ་རེར་འཚོ་བའི་བདག་རྐྱེན་ཟླ་ཕོག་བཅས་སྩལ། གོ་གཞུང་མཉམ་འབྲེལ་སྨན་ཁང་ནང་དུ་ལོ་མང་སྨན་པའི་ཕྱག་ལས་གནང་། ༡༩༨༠ཐམ་པར་ཆོས་ལུགས་དད་པའི་རང་མོས་ཀྱི་སྲིད་ཇུས་ཐོབ་རྗེས་བྲག་སེར་དགོན་པའི་དབུ་ཆེན་དང་དགེ་བསྐོས་སོགས་དགོན་པའི་ཐུགས་འགན་ཆེ་བཞེས་ཀྱིས་བསྟན་ལ་ཞབས་ཞུ་ཚད་མེད་ཞུས། མ་ཚད་པར་ས་གནས་དེ་དག་ནས་མི་ཤི་རྐྱེན་ཡོང་སོགས་ལ་ས་ལྟ་དུར་འདེབས་ཀྱིས་ཡུལ་མི་དྲག་ཞན་ལ་མ་ལྟོས་པར་བཀའ་དྲིན་བསམ་བརྗོད་ལས་འདས་པ་བསྐྱངས་འདུག རྒྱུན་དུ་ནད་པའི་རྩ་ཆུ་ཙམ་དུ་མ་ཟད་ལྷ་འདྲེས་མཐོང་སྣང་ལ་རྟགས་ཏེ་ནད་པའི་འཚོ་འཆི་རྐྱེན་དང་བར་ཆད་སོགས་གསུངས་ཞིང་། བཟང་ངན་སོགས་ཀྱི་བཀའ་སློབ་ལམ་སྟོན་གསལ་བོ་མཛད་པས་ཀུན་གྱིས་དེ་དག་ཐུན་མོང་མ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། མཐར་དགུང་གྲངས་༧༡བཞེས་པ་ཕྱི་ལོ་༢༠༠༤བོད་རབ་བྱུང་བཅུ་བདུན་པའི་སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས༨སྨན་ལྷའི་དུས་ཆེན་ཉིན་བྲག་སེར་དགོན་པའི་རང་ཤག་ཏུ་རླུང་རོ་གསལ་ཞིང་ཕྱག་མཉམ་བཞག་ལུས་ཕྱེད་དཀྱིལ་དང་བཅས་ཏེ་སློབ་ཚོགས་ཁ་ཤས་ཀྱིས་དབུས་སུ་ངོ་མཚར་བའི་སྒོ་ནས་ཞི་བར་གཤེགས་སོ། བརྒྱུད་འཛིན་གྱི་སློབ་མ་གཙོ་བོ་སྨན་པ་ག་བླ་ཡོན་ནམ་ག་བླ་ཕུར་དགའ། མདོ་བ་དགའ་བདེ། གོང་པ་བློ་བཟང་།བསོད་ནམས་རབ་རྒྱས། དཔོན་སར་ལོ་ཡག ། རྟ་རྣ་རིན་ཆེན་ཁོང་གིས་ཚ་བོ་ལྷ་བུ་བཅས་གྲངས་མང་བཞུགས་བཞིན་པའོ།།
ཞེས་ཕྱི་ལོ་༢༠༡༩ཟླ༥ཚེས༢༣བོད་རབ་བྱུང་བཅུ་བདུན་པའི་སྒྱུར་བྱེད་ཞེས་པ་ས་མོ་ཕག་ལོའི་ཟླ་བ་གསུམ་པའི་༢༠ཉིན་ཟླ་ཚེས་དགེ་བར་སྨན་རྩིས་ཀྱི་མིང་ཙམ་འཛིན་པ་ཚང་གསར་མེ་ཏོག་གིས་ལྷག་བསམ་གཙང་མས་དགེ་བར་བྲིས་པའོ།།

(Visited 10 times, 1 visits today)